德吉老爷的一封信(DJ阿智 Remix) ཁྱིམ་ཚང་ཞིག་གི་ཐབ་ཚང་ནས། གཟིམ་མ་མྱོང་བའི་མར་མེ་ཚེ་འབར་ལགས། ད་ཕྲུག་ཁྱོད་ཀྱི་རེ་སྒུག་གི་འདུན་མ། བཅངས་པའི་སེམས་ཀྱི་ཡབ་ཆེན་ལགས། ངས་ཁྱེད་ལ་ཞུ་འཕྲིན་སེམས་ཀྱི་མཆོད་པ་ཕུལ། ཞོགས་པའི་ལྷ་བསངས་གཏོང་དུས། རླུང་རྟ་དགུང་ལ་མཆོད་ཡོད། ཀི་བསོ་ཡི་བསྟོད་པའི་དུ་སྤྲིན་ལ། གསོལ་འདེབས་ཀྱི་སྨོན་ཚིག་ཁྲི་འབུམ་བསྐུར་ཡོད། ཡུན་རིང་བྲལ་བའི་རྒྱང་རིང་གི་སེམས་ཀྱི་ཡབ་ཆེན་ལགས། ཁྱེད་རང་སྐུ་ཁམས་བདེ་ལགས་སམ། རང་ཁྱིམ་དྲོད་ཀྱིས་སྟོང་བའི་གཞི་བྱེས་ཀྱི་ཕུ་ནུ་མིང་སྲིང་ཚོ། ཁྱེད་རྣམ་པ་ཕུང་ཁམས་བདེ་མོ་ཡིན་ལགས། རྩྭ་ཐང་འཁྱགས་ཀྱིས་བསྡམས། སྦྲ་གུར་རླུང་གིས་བསྐྱོད་པའི་ཕ་ཁྱིམ་ན། བདག་མེད་ཤུལ་ལུས་ཀྱི་སྤུན་ཟླ་མིང་སྲིང་ཚོ། སྡུག་བསྔལ་གྱི་མིག་ཆུ་ཁྲོམ་ཁྲོམ་ལས། བདེ་སྐྱིད་ཀྱི་དགོད་སྒྲ་ཐོས་མ་མྱོང་། དྲན་གདུང་གི་ཤུགས་རིང་མནར་མནར་ལས། ལྷན་འཛོམས་ཀྱི་བསྐལ་བ་རྙེད་མ་མྱོང་། ཉིན་རེ་ནས་ཉིན་རེ་ཟླ་རེ་ན་ཟླ་རེ་ལོ་རེ་ནས་ལོ་རེ། དབྱར་དགུན་གྱི་དུས་ཚིགས་རེས་སུ་ འཁོར་ཡང་ང་ཚོའི་ཡུལ་དུ་བུ་ཡུག་རྐྱང་རྐྱང་འཚུབ། མཁྱེན་མཁྱེན་བླ་མ་མཁྱེན་ འོན་ཀྱང་ཨ་ཕ་ལགས། ཁྱེད་རང་ཐུགས་སེམས་སྐྱོ་མི་དགོས། འུ་ཚོའི་ཁྱིམ་དུ་བདེ་སྐྱིད་དེ་འདྲ་མེད་ཀྱང་། ཨ་ཕའི་གདམས་དག་སྔར་བཞིན་དྲོད་ཁོལ་ལྡན། ཕ་ཤུལ་བུ་ཡིས་འཛིན། ཕ་ཆོས་སེམས་ཀྱིས་བསྒྲུབ། ཕ་ཡིག་སྦྱོང་ལ་བརྩོན་དང་ཕ་སྐད་གཙང་མ་བཤད། ཕ་སྲོལ་རྒྱུད་ཀྱིས་འཛིན། ཕ་ཟས་རྒྱུན་དུ་རོལ་ལ་ཕ་ཁྱིམ་སྙིང་ནས་བརྩི་བཞིན་ཡོད། ཨ་ཕ་ལགས། ངས་བརྗེད་དཀའ་བ་ནི་ཁྱེད་ཡིན་ལ་དྲན་སླ་བ་ནི་ཁྱེད་ཡིན། ཁྱེད་ནི་བརྩེ་བའི་ཕ་ཡིན། བྱམས་ལྡན་མ་ཡིན། སྐྱབས་སའི་ལྷ་ཡིན། རེ་སའི་དཔོན་ཡིན། ཁྱེད་ནི་ཕ་གཞིས་ཀྱི་བདག་པོ་ཡིན་ལ། བུ་ཚང་གི་རེ་བ་ཉག་གཅིག་ཡིན ། ཨ་ཕ་ལགས་ཉིན་མོ་སེམས་སུ་འཁོར་སོང་། མཚན་མོ་རྨི་ལམ་ནང་དུ་མཇལ། ཨ་ཕ་ལགས་ཞོགས་པའི་ཉི་གཞོན་གྱི་གཟི་བྱིན་དང་འགྲོགས་ནས། རང་ཡུལ་ཕྱོགས་སུ་སླེབས་རོགས། ང་ཚོས་ལོ་ཟླ་སོར་རྩིས་བགྲང་ནས། ཁྱེད་ལ་རེ་བཞིན་སྒུག་བཞིན་ཡོད། སླད་མར་ཁྱེད་ཉིད་སྐུ་ལུས་གསེར་གྱི་ཉི་མ་ལ། སྤྲིན་ནག་པོ་གཡོལ་བ་མེད་པ་རྟག་ཏུ་བརྟན་ཞིང་། ཕ་བུ་འདི་ནས་གྱེས་ཀྱང་། སླར་ཡང་འདི་རུ་འཛོམས་པའི་སྨོན་འདུན་ཡང་ཡང་ཞུ།།།།