羌塘那曲 作词 : དྲན་གསལ། 作曲 : བཀྲ་ཤིས་དཔལ་ལྡན། བྱང་འབྲོག་ནག་ཆུ། བྱང་འབྲོག་ནག་ཆུའི་རྩྭ་ཐང་ན།། མེས་པོའི་སྦྲ་ནག་གོང་དཀར་མཛེས།། ཁྱིམ་ལ་གཡང་གི་ཉི་མ་ཤར།། ཟས་ལ་ཤ་མར་ཐུད་གསུམ་འཛོམས།། ཡ་རེ་ལོ། སྦྲ་སྨུག་པོ་གནའ་མིའི་ཕ་གཞིས་ཡིན།། ཟས་ཤ་མར་གནའ་མིའི་ཟས་མཆོག་ཡིན།། སྟག་ཤར་དུང་གི་སོ་སྒོ་ཅན།། མགོ་ལ་ཝ་ཞྭ་གྲ་ཡག་གྱོན།། སྨན་ཤར་བྱུ་རུའི་རྣ་ལུང་ཅན།། མགོ་ལ་ཚར་དཀར་ཞྭ་མོ་གྱོན།། ཡ་རེ་ལོ། སྟག་ཤར་ར་ཕྱི་ཡི་སྲུང་མ་རེད།། སྨན་བུ་མོ་གཞིས་ཀྱི་ནང་འཛིན་རེད།། བྱང་འབྲོག་ནག་ཆུའི་རྩྭ་ཐང་ན།། ཕྱུགས་རིགས་མུ་ཏིག་བཀྲམ་འདྲ་ཡོད།། གཞོན་ནུས་རྫི་གླུ་སང་སེང་ལེན།། མ་སྲུས་བཞོ་དབྱངས་ངག་ལ་འགུག ཡ་རེ་ལོ། གླུ་རེ་རེའི་ནང་ན་འོ་མ་ཡོད།། ངག་རེ་རེའི་གསེང་ན་བདུད་རྩི་འཁྱིལ།།