秋末之末 作词 : 西藏病人 作曲 : 西藏病人 སྟོན་མཇུག་གི་མཇུག་ཏུ། གདངས། བོད་ཀྱི་ནད་པ། ཚིག བོད་ཀྱི་ནད་པ། ཁྱོས་ང་ལ་བསྐུར་བའི་ཡུལ་ལྗོངས་དེ་ཁྱོད་ཀྱི་ཕ་ཡུལ་ཡིན་ནམ། གྲོ་ནས་ཀྱི་སྙེ་མ་མཚོ་རླབས་བཞིན་ལྡེམ་པའི་ཞིང་ཁ་དེ་ནས། ངས་ཁྱོད་དང་རྒྱས་སྤྲོས་ངང་གཉེན་བསྒྲིགས་ཏེ། ཨུ་ཚུགས་ཀྱིས་ཆང་བཅད་ནས། སྐྱིད་སྡུག་གནམ་ལ་བཅོལ་བའི་སོ་ནམ་པ་བཅའ་འདོད། མཛེས་སྡུག་གི་རྒྱ་སེ་འཚང་ཀས་སྐྱེས་ནའང། ཁྱོད་རང་མེད་ཚེ་སྙིང་པོ་མེད། འབྱུང་འགྱུར་གྱི་འཚོ་བ་རེ་བས་སྟོངས་ནའང་། ཁྱོད་རང་ཡོད་ཚེ་སྐྱོ་སྣང་མེད། ཐང་སྟོང་གི་གླུ་གཞས་རླུང་ལ་འདྲེས་པ་བཞིན། ཁྱོད་རང་སོང་ཚེ་སྟོང་པ་ཡིན། མཚན་གཞུང་གི་སྐར་མདར་དམིགས་ཡུལ་མེད་པ་བཞིན། ཁྱོད་རང་སོང་ཚེ་ཁེར་རྐྱང་ཡིན། ཁྱོས་ང་ལ་བསྐྱུར་བའི་རྒྱབ་གཟུགས་དེ་གྱེས་ཁའི་ལེགས་སྐྱེས་ཡིན་ནམ། སྟོན་མཇུག་གི་མཇུག་ཏུ་འུར་ཟིང་གིས་སྨྱོས་པའི་སྲང་ལམ་དེ་ནས། ངས་ཁྱོད་དང་རྒྱུས་མེད་པའི་ཚུལ་བསྟན་ཏེ། འཛུམ་མེད་པའི་གདོང་སྦེད་ནས། དྲོ་གྲང་གཞན་ལ་འདྲི་བའི་འགྲུལ་བཞུད་པ་བཅའ་འདོད། མཛེས་སྡུག་གི་རྒྱ་སེ་འཚང་ཀས་སྐྱེས་ནའང། ཁྱོད་རང་མེད་ཚེ་སྙིང་པོ་མེད། འབྱུང་འགྱུར་གྱི་འཚོ་བ་རེ་བས་སྟོངས་ནའང་། ཁྱོད་རང་ཡོད་ཚེ་སྐྱོ་སྣང་མེད། ཐང་སྟོང་གི་གླུ་གཞས་རླུང་ལ་འདྲེས་པ་བཞིན། ཁྱོད་རང་སོང་ཚེ་སྟོང་པ་ཡིན། མཚན་གཞུང་གི་སྐར་མདར་དམིགས་ཡུལ་མེད་པ་བཞིན། ཁྱོད་རང་སོང་ཚེ་ཁེར་རྐྱང་ཡིན།