生活 生活 ཚིག ཁམས་མེ་སྟག། དབྱངས གྲུ་བ་བསམ་འགྲུབ། གཞས་པ གྲུ་བ་བསམ་འགྲུབ། མི་ཚེ་ཐུང་ཐུང་རེད།། འཁོར་བ་རིང་པོ་རེད།། བདེ་བ་ཉུང་ཉུང་རེད།། སྡུག་བསྔལ་མང་པོ་རེད།། ཀྱེ་མ་སུ་ཡིས་རྟོགས།། མི་སེམས་རབ་རིབ་རེད།། མདུན་ལམ་ཀྱག་ཀྱོག་རེད།། འཚོ་བ་མག་མོག་རེད།། འཇིག་རྟེན་ཁྲ་ཁྲ་རེད།། ཀྱེ་མ་སུ་ཡིས་རྟོགས།། མི་ཚེར་སྙིང་པོ་བཙལ་ཡང་འཇའ་ལ་ལག་སྙོབ་གཏོང་འདྲ།། འཁོར་བའི་ཐང་ཆེན་འདི་ནས་ང་རང་ཨ་ཐང་ཆད་སོང་།། ཚེ་སྲོག་དབུགས་ཀྱི་ལྒང་བུ་མ་འགག་ཇི་ཙམ་སོང་ན།། སྡུག་བསྔལ་གྲིབ་མ་ནག་པོས་དེ་ཙམ་རྗེས་ལ་འདེེད་འོང་།། སེམས་ལ་དྲན་པ་མང་པོ་དགུན་གྱི་ཁ་བ་འབབ་འབབ།། མདུན་གྱི་ལམ་བུ་དོག་པོ་གཡང་གཟར་ངོས་སུ་བགྲོད་བགྲོད།། འཚོ་བ་དགའ་སྐྱོ་འདྲེས་མ་དབྱར་གྱི་གནམ་གཤིས་འགྱུར་འགྱུར།། ཁྲ་ཁྲའི་འཇིག་རྟེན་འདི་ནས་གཏན་གྱི་བདེ་བ་མི་རྙེད།། ལང་ཚོ་འཇའ་ཚོན་རེད།། སྐད་ཅིག་སྐད་ཅིག་རེད།། ཚེ་སྲོག་སྐར་མདའ་རེད།། ནམ་འཆི་ངེས་མེད་རེད།། ཀྱེེ་མ་སུ་ཡིས་རྟོགས། སྐྱེ་༵བ་སྔོན་ལས་རེད།། རྒ༵་བ་ལྡོག་མེད་རེད།། ན༵་བ་སྡུག་བསྔལ་རེད།། འཆི༵་བ་ཆོས་ཉིད་རེད།། ཀྱེ་མ་སུ་ཡིས་རྟོགས།། ལང་ཚོ་ཇི་ལྟར་མཛེས་ཀྱང་མི་རྟག་འཇའ་ཚོན་རི་མོ།། གནས་སྐབས་མཛེས་སྡུག་ལྡན་ཡང་སྐད་ཅིག་ཉིད་དུ་ཡལ་འགྲོ།། འཆི་བ་བདུད་ཀྱི་ཕོ་ཉ་ནམ་ཞིག་གམ་དུ་སླེབ་ཚེ།། ཚེ་སྲོག་སྐར་མདའ་ཆུང་ཆུང་ཤར་ནས་ནུབ་ལ་བཞུད་འགྲོ།། སྐྱེ་བ་གྲངས་མེད་ཅིག་ལ་རྒ་བ་བརྗོད་ཀྱིས་མི་ལང་།། ན་བའི་སྡུག་བསྔལ་འོག་ནས་འཆི་བ་འཁོར་བའི་ཆོས་ཉིད།། སྐྱེ་རྒ་ན་འཆི་བཙན་པོས་ཁྱོད་ཀྱི་རྒྱབ་ལ་འདེད་དུས།། ཕུན་ཚོགས་བདེ་སྐྱིད་ཅེས་པ་སུས་ཀྱང་རྙེད་པ་མི་སྲིད།།